རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་རྒྱ་དབུ་འབྱེད།

Wednesday 10 March 2010, by བོད་རིགས་ཚོགས་པ། // ༧གོང་ས་མཆོག

༧གོང་ས་མཆོག་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་བོད་རིགས་དང་བོད་ཡིག་ཤེས་མཁན་དད་ལྡན་མང་ཚོགས་ཀྱི་ཆེད་དུ་ལོ་འདིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་དབུ་འབྱེད་གནང་རྒྱུ་རེད།

ཕྱི་ཚེས་ ༩ ཉིན་འདི་གའི་གསར་ཁང་གིས་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་བཀའ་འདྲི་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་ཕྱི་ཚེས་ ༩ ཉིན་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། དྲ་རྒྱ་དེ་དབུ་འབྱེད་གནང་དགོས་པའི་ཐད་ཁོང་གིས་གསུངས་དོན། དེང་སྐབས་བོད་ཕྱི་ནང་ཀུན་ཏུ་བོད་རིགས་ཚོ་དང་ལྷག་པར་དུ་སློབ་མ་དང་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་དག་གི་ཁྲོད་བོད་ཡིག་གི་དྲ་རྒྱར་ལྟ་ཀློག་གི་གོམས་གཤིས་འདི་སྔར་ལས་ཇེ་མང་དང་ཇེ་དར་ཡིན་སྟབས་བོད་ཡིག་དྲ་རྒྱའི་བརྒྱུད་ལམ་གྱི་དགོས་མཁོ་འདི་གལ་ཆེན་པོ་ཆགས་པ་དང་། རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རིགས་ཀྱི་འབྲེལ་བ་དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས་མགོན་པོ་གང་གི་བཀའ་སློབ་དང་གསུང་ཆོས། གསུང་འཕྲིན་མཐའ་དག་བོད་མི་རིགས་ལ་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་རྒྱུ་བཅས་ཀྱི་དམིགས་ཡུལ་ལ་བརྟེན་ནས་དྲ་ཚིགས་འདི་སྒོ་ཕྱེ་བ་རེད་ཅེས་དང་། ཡང་ཁོང་གིས། སྤྱིར་བཏང་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དེ་དག་རླབས་ཆེན་པོ་ཡིན་པ་ནི་བོད་རིགས་སུས་ཀྱང་ཤེས་གསལ་ཡིན་རུང་། ཡང་ཞིབ་ཕྲའི་གནས་ཚུལ་སྟེ། ཁོང་རིགས་ལ་རྒྱལ་སྤྱིའི་སྟེང་གི་མིང་རྟགས་ཆེ་བའི་ཕྱག་རྟགས་དང་ཤེས་ཡོན་གྱི་ཕྱག་འཁྱེར་གང་དང་གང་ཐོབ་ཡོད་མེད། ཁོང་གི་ད་བར་གྱི་ཆིབས་སྒྱུར་གྱི་རིམ་པ། དེ་བཞིན་འཛམ་གླིང་གི་དབུ་ཁྲིད་དང་སྐྱེས་ཆེན་སུ་དང་སུ་ལ་མཇལ་འཕྲད་གནང་ཡོད་མེད། ཁོང་གི་དགོངས་གཞི་གལ་ཆེའི་རིགས་གང་དང་གང་ཡིན་སོགས་རེ་རེ་བཞིན་གསལ་བོར་རྟོགས་མཁན་དཀོན་པོ་ཡིན་སྟབས་འདིའི་རིགས་དྲ་ངོས་སུ་ཡོད་པ་རེད། རྗེས་ཕྱོགས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་སྐུ་ཚེའི་ལོ་རྒྱུས་སོགས་ཀྱི་ཐད་ཉམས་ཞིབ་གནང་མཁན་འདྲ་ཡོད་ན་བོད་ཡིག་གི་ཡིག་ཆ་མང་པོ་ཞིག་སྟབས་བདེའི་ངང་དྲ་ཐོག་ནས་རག་ཐུབ་གི་རེད་ཅེས་ཀྱང་གསུངས།

དྲ་རྒྱ་འདི་ལ་ད་དུང་དད་ལྡན་མང་ཚོགས་ཀྱི་རེ་བ་དང་འཚམ་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ༧གོང་ས་མཆོག་གིས་ངྷ་རམ་ས་ལ་སོགས་ས་གནས་གང་ཞིག་ནས་གསུང་ཆོས་གནང་བ་ཡིན་ན་དེ་དྲ་རྒྱ་བརྒྱུད་ནས་ཐད་ཀར་ཏུ་རྒྱང་བསྲིངས་བྱ་རྒྱུ་ཡིན་སྟབས། དྲ་རྒྱའི་སྐུད་ལམ་ཡག་པོ་ཡོད་ཚེ་བཀའ་ཆོས་མཐའ་དག་ཐད་ཀར་དྲ་ལམ་ནས་གསན་ཐུབ་ཀྱི་ཡོད་འདུག

ཡིན་ཡང་། གཞིས་ལུས་མི་དམངས་ལ་མཚོན་ན་རྒྱ་ནག་གི་དམ་དྲག་འོག་ནས་༧གོང་ས་མཆོག་དང་བོད་དོན་དང་འབྲེལ་བའི་དྲ་རྒྱའི་བརྒྱུད་ལམ་ནི་རང་དབང་མིན་སྟབས་དུས་ཐོག་ཏུ་གཟིགས་ཐུབ་མིན་ལ་དཀའ་ངལ་ཡོད་ཀྱང་། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་འདིའི་ཐད་ལའང་དེང་གི་དྲ་རྒྱའི་རིག་གནས་དང་འབྲེལ་ཏེ། ལག་རྩལ་གྱི་ངོས་ནས་དཀའ་ངལ་སེལ་ཐུབ་པའི་རིགས་ཅི་ནས་ཀྱང་སེལ་ཐབས་གནང་གི་ཡིན་སྐོར་གསུངས་སོང་ལ། དེ་བཞིན་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱ་འདི་ནི་ད་ཆ་གསར་དུ་སྒོ་ཕྱེ་བ་ཡིན་སྟབས། ག་ལེར་དྲ་རྒྱའི་རིག་གཞུང་གི་འཕེལ་ཕྱོགས་དང་བསྟུན་ནས་ཡར་རྒྱས་གཏོང་དགོས་ས་གང་ཡོད་པ་དག་རིམ་བཞིན་ཡར་རྒྱས་སུ་གཏོང་གི་ཡིན་ཅེས་གསུངས་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་དྲ་ཚིགས་ནི་ www.gyalwarinpoche.com ཞེས་པ་འདི་རེད། དད་ལྡན་མང་ཚོགས་ཀྱིས་ཐུགས་སྣང་ཡོང་བ་ཞུ།

ཤོག་ངོས་འདི་ཐེངས་ ༤༣༩ ལ་བཀླགས་འདུག

Reply to this article