རྒྱ་ནག་གི་དབུལ་ཕྱུག་འགལ་ཟླ།
Tuesday 2 March 2010, by // གསར་འགྱུར།
རྒྱ་ནག་གི་དབུལ་ཕྱུག་འགལ་ཟླ། འདོན་སྤེལ། ༢༠༡༠/༠༣/༠༢
ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་འབྲེལ་ཤེས་ལྡན་མི་སྣ་དག་གིས་ཁྲིམས་སྲིད་སྐོར་གྱི་དེབ་ལྗང་ཁུ་ཞིག་འགྲེམས་སྤེལ་བྱས་ཏེ། རུལ་སུངས་དང་ནག་ཉེས་ཀྱི་བྱ་སྤྱོད་ཇེ་མང་དང་སྤྱི་ཚོགས་བདེ་སྲུང་ལས་དོན་ཉམས་ཉེས་སུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་འདུག
དེབ་དེའི་ནང་ཉེས་དོན་ཐམས་ཅད་ཀྱི་འབྱུང་རྩ་ནི་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་སོང་བར་བརྟེན་སྤྱི་ཚོགས་ཀྱི་གནད་དོན་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པ་དེ་ཡིན་པས། དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱེད་དགོས་པའི་སྐོར་བརྗོད་ཡོད། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་དུ་ཉེས་ཁྲིམས་གྱོད་དོན་ཁྲི་ ༥༣༠ བྱུང་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༩ འཕར་ཡོད། དེ་བཞིན་སྤྱི་ཚོགས་བདེ་སྲུང་གྱོད་དོན་ཁྲི་ ༩༩༠ བྱུང་ཡོད་པ་དང་། དེ་ནི་སྔར་ལོ་དང་བསྡུར་ན་བརྒྱ་ཆ་ ༢༠ འཕར་ཡོད། ཡིན་ནའང་།
རྒྱ་ནག་ཏུ་མ་དངུལ་རྒྱ་སྒོར་དུང་ཕྱུར་བརྒལ་བའི་འབྱོར་ལྡན་པ་ ༢༩༣༢ ནི་དམར་ཤོག་མཐོ་རིམ་དཔོན་རིགས་ཀྱི་བུ་དང་བུ་མོ་ཡིན་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་འབྱོར་ལྡན་པའི་བརྒྱ་ཆ་ ༩༡ ཡན་ཟིན་ཡོད། མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢༠༤༥༠ ལྷག་ཁོ་ཚོས་བདག་འཛིན་བྱས་ཡོད་པ་དང་། མཐོ་རིམ་དཔོན་རིགས་ཀྱི་ཁྱིམ་རྒྱུད་རྒྱབ་ལྗོངས་དེ་ནི་ཁོ་ཚོ་འབྱོར་ཕྱུག་གི་སྟེགས་བུར་འཛེགས་བྱེད་ཀྱི་སྐས་རྐང་དུ་གྱུར་ཡོད། དེ་བཞིན་རྒྱ་ནག་ཏུ་ལོ་ལྟར་ཛ་དྲག་གི་རྣམ་པར་འགྱུར་བཞིན་པའི་དབུལ་ཕྱུག་གནད་དོན་དེ་ནི་དོན་གྱིས་མི་དམངས་དཀྱུས་མ་དང་དམར་ཤོག་དཔོན་རིགས་ཁྱིམ་རྒྱུད་བར་གྱི་འབྱོར་ཕྱུག་གི་ཧེ་བག་ཅིག་དང་འཐབ་རྩོད་ཅིག་ཏུ་གྱུར་ཡོད་པ་རེད།


