ཨོ་བྷ་མ་ཚེས་ ༡༨ ཉིན་༧གོང་ས་མཆོག་ལ་མཇལ་རྒྱུ་རེད།

Friday 12 February 2010, by བོད་རིགས་ཚོགས་པ། // གསར་འགྱུར།

གནས་ཚུལ་གྱི་ཁུངས་ནི་བོད་ཀྱི་དུས་བབ་ནས་རེད།

འདོན་སྤེལ། ༢༠༡༠/༠༢/༡༢

ཕྱི་ཚེས་ ༡༡ ཉིན་ཏེ། རེའུ་གཟའ་ཕུར་བའི་ཉིན་ཨ་རིའི་ཕོ་བྲང་དཀར་བོའི་མགྲིན་ཚབ་པ་སྐུ་ཞབས་རོ་བྷེར་ཌི་ཇེབ་སི་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་གཏན་འཁེལ་ཡོད་སྐོར་གསུངས་ཡོད།

ཨ་རྒྱ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་འོས་མིན་ཐད་རྣོ་ངར་ཆེན་པོའི་ཐོག་ནས་ཕན་ཚུན་ལ་ལན་འདེབས་བྱེད་རེས་བྱས་ཡོད་ནའང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་ཐེབས་མེད།

ཕྱི་ཚེས་ ༡༨ ཉིན་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གིས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་སྐོར་བརྗོད་ཡོད་ལ། ༧གོང་ས་མཆོག་བོད་ལུགས་ལོ་སར་གྱི་ཚེས་ ༢ དང་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་ནས་ཆིབས་ཐོན་གནང་རྒྱུ་ཡིན་འདུག

ཡིན་ནའང་། དེ་རིང་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་མ་འཛེམ་པར། སྲིད་འཛིན་ཨོ་བྷ་མས་ཚེས་ ༡༨ ཉིན་ཕོ་བྲང་དཀར་པོ་ནས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇེབ་སིས། ཨོ་བྷ་མས་༧གོང་ས་མཆོག་དང་གསར་གཏོད་རང་བཞིན་དང་ལག་བསྟར་བྱེད་ཐུབ་པའི་གླེང་མོལ་ཡོང་བའི་རེ་བ་བཟུང་ཡོད་སྐོར་བརྗོད་པ་དང་། རྒྱ་ནག་གིས་རྒྱལ་ཁབ་གང་ཞིག་གི་སྲིད་དོན་མི་སྣ་སུ་ཞིག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡང་། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་སྐོར་གྱི་ཐ་ཚིག་བསྒྲགས་ན་ཡང་། ཚེས་ ༢ ཉིན་ཨ་རིས་སྲིད་འཛིན་ཨོ་བྷ་མས་སྔར་བཞིན་འཆར་གཞི་ལྟར་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིས་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་དེར་འགྱུར་བ་གཏོང་མི་སྲིད་ལ། དུས་མཚུངས་སུ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ལྟ་བ་མི་མཐུན་པའི་གནད་དོན་ཐད་བགྲོ་གླེང་བྱེད་ཐུབ་པའི་རེ་བ་ཡོད་པའི་སྐོར་བསྟན་པ་རེད། ཚེས་ ༣ ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མཱ་ཁྲའོ་ཞུས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་བྱེད་རྒྱུའི་ཐད་དུ་གསར་འགོད་པ་ཞིག་གིས། སྲིད་འཛིན་ཨོ་བྷ་མས་ན་ནིང་རྒྱ་ནག་ཏུ་འཚམས་འདྲི་གནང་སྐབས་རྒྱ་ནག་གི་མགོ་ཁྲིད་པར་ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་བརྗོད་ཅིང་། ད་ལྟ་ཡང་དེ་བཞིན་མཇལ་འཕྲད་བྱེད་རྩིས་ཡོད་པ་དེའི་ཕྱོགས་ལ་རྒྱ་ནག་ངོས་ནས་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར། ཁོས་དེའི་ལན་དུ། རྒྱ་ནག་གིས་༧གོང་ས་མཆོག་ཨ་རིར་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང་། ཨ་རིའི་འགོ་ཁྲིད་ཀྱིས་རྣམ་པ་གང་འདྲ་དང་མིང་ཅི་ཞིག་གི་སྟེང་ནས་ཁོང་ལ་ཐུག་འཕྲད་བྱེད་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ལངས་ཕྱོགས་འདི་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་ཁ་གསལ་བོ་ཡིན། ན་ནིང་ཟླ་ ༡༡ པར་སྲིད་འཛིན་ཨོ་བྷ་མས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་བོད་འབྲེལ་གནད་དོན་གླེང་སྐབས་རྒྱ་ནག་གི་མགོ་ཁྲིད་ཚོས། རྒྱལ་ཁབ་གང་ཞིག་གི་འགོ་ཁྲིད་དང་གཞུང་དོན་མི་སྣས་ཏཱ་ལའི་ལ་མཇལ་འཕྲད་བྱས་ཀྱང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་གཟབ་ནན་ལུགས་མཐུན་གྱི་ལངས་ཕྱོགས་གསལ་བོར་བརྗོད་ཅིང་། ཨ་རིའི་ཕྱོགས་ཀྱིས་ “བོད་རང་བཙན་པའི” ཁ་བྲལ་སྟོབས་ཤུགས་ཀྱིས་ཨ་རིའི་ས་ཁོངས་ནས་རྒྱ་ནག་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་མི་ཆོག་པ་བྱེད་དགོས་པའི་བླང་བྱ་བཏོན་མྱོང་། ང་ཚོས་ཨ་རིས་བོད་འབྲེལ་གནད་དོན་གྱི་རྫི་གསང་དོད་པོའི་རང་བཞིན་ལ་ངོས་ཟིན་གང་ལེགས་བྱུང་ནས། འབྲེལ་ཡོད་གནད་དོན་གཟབ་ནན་ངང་ཐག་གཅོད་རྒྱུ་དང་། ཨ་རྒྱ་གཉིས་བར་གྱི་འབྲེལ་བར་གནོད་སྐྱོན་སྔར་བས་ཆེན་པོ་མི་བཟོ་བའི་སྐུལ་མ་བྱེད་རྒྱུ་ཡིན་ཞེས་དང་། ཡང་ཕྱི་ཚེས་ ༢ ཉིན། རྒྱ་གར་དུ་བཙུགས་པའི་ “བོད་ཡུལ་གྱར་སྲིད་གཞུང” གིས་རྒྱ་ནག་གིས་ཨོ་བྷོ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་དུ་མི་འཇུག་རྒྱུའི་རེ་བ་བཏོན་པ་དེ་ “ཁས་མ་བླངས” ཤིང་། “བོད་ཡུལ་གྱར་སྲིད་གཞུང” གི་མགྲིན་ཚབ་པ་ཟམ་གདོང་རིན་པ་ཆེས་ཧྥ་རན་སེའི་གསར་འགྱུར་ཁང་གི་གསར་འགོད་པར། “ང་ཚོའི་ལྟ་སྟངས་ལྟར་ན། ༧གོང་ས་མཆོག་གི་འཐུས་ཚབ་དང་ཀྲུང་གོའི་སྲིད་གཞུང་དབར་བཀལ་མོལ་ལྷུག་གླེང་བྱེད་ཐུབ་པ་བྱུང་བ་དེ། ཨ་རི་ཕྱོགས་ཀྱིས་དེའི་ཐད་སྐུ་ངལ་བསྐྱོན་པ་དང་ཁ་བྲལ་ཐབས་ཡེ་ནས་མེད། དེར་བརྟེན་ང་ཚོའི་ཕྱོགས་ནས་ཨོ་བྷོ་མ་དང་༧གོང་ས་མཆོག་རྣམ་གཉིས་ཕན་ཚུན་མཇལ་འཕྲད་གནང་རེས་བྱེད་པ་དེ་ནི་སྐྱོན་འཛུགས་བྱ་མི་རུང་བའི་དོན་དག་ཅིག་ལ་བརྩི་བཞིན་ཡོད” ཅེས་བརྗོད་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད།

རྒྱ་ནག་གིས་གནོན་ཤུགས་སྤྲད་མིན་གང་ལྟར་ཡང་། ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གནང་གི་ཡོད་ཅིང་། ཐེངས་འདིར་ཨ་རིར་མཛད་འཕྲིན་བསྐྱང་རིང་ཕྱི་ཚེས་ ༡༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་མང་གཙོའི་ཐེབས་རྩ་ཁང་ (NED) ཞེས་པ་ནས་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་དེ་(Democracy Service Medal) ཞེས་པ་ྋགོང་ས་མཆོག་ལ་འབུལ་རྒྱུ་ཡིན་འདུག མང་གཙོའི་གཟེངས་རྟགས་དེ་ྋགོང་ས་མཆོག་ལ་འབུལ་དོན་ྋགོང་ས་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་གནང་བ་ཞིག་ཡིན་འདུག

ཐེབས་རྩ་ཁང་གི་ཚོགས་གཙོཁེ་རལ་གྷར་ཞི་མན་ (Carl Gershman) གྱིས་བོད་མི་ཚོས་རང་གི་ལེགས་བྱང་གཅེས་ཉར་ཆེད་འཐབ་རྩོད་གང་བྱས་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་ནའང་། དེ་ཙམ་ཡོངས་གྲགས་མེད་པ་ནི་ྋགོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཆིབས་སྒྱུར་མ་གནང་གོང་ནས་ཀྱང་གཞུང་གི་འཛིན་སྐྱོང་ལམ་ལུགས་ནང་གལ་ཆེའི་བཅོས་བསྒྱུར་ལག་བསྟར་མཛད་ཐབས་གནང་ཡོད། བཙན་བྱོལ་ནང་ཆིབས་སྒྱུར་གནང་རྗེས་བཅོས་བསྒྱུར་དེ་དག་གཞི་ནས་ལག་བསྟར་ཐུབ་པ་བྱུང་བ་དང་། དེང་སང་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་དེ་འོས་འདེམས་བྱས་པའི་སྤྱི་འཐུས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང༌། དེ་བཞིན་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཐོག་མང་ཚོགས་ཀྱི་སྐུ་དབང་ལྡན་པའི་བཀའ་བློན་ཁྲི་པ་བཅས་ཡོད། བོད་མི་ཚོས་རང་གི་དཀའ་ངལ་དེ་བཟང་སྤྱོད་ཀྱི་ནུས་ཤུགས་ཤིག་ཏུ་སྒྱུར་ཐུབ་པར་བརྟེན། དྲང་བདེན་མིན་པའི་གནས་སྟངས་འོག་མྱོང་བཞིན་པའི་མི་མང་ཚོར་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ཅེས་གསུངས་ཡོད།

དེ་བཞིན་ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་ལ་ International Freedom Conductor Award ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་འབུལ་གཏན་འཁེལ་ཡོད་ལ། གཟེངས་རྟགས་ཏེ་༧གོང་ས་མཆོག་ལ་འབུལ་དགོས་དོན་ནི། ཁོང་གིས་སྐུ་ཚེ་ཧྲིལ་བོའི་ནང་འགྲོ་བ་མིའི་རིགས་ཡོངས་ཀྱི་རང་དབང་དང་ཞི་བདེ། སྐུ་ངལ་འཛེམ་མེད་ཀྱིས་བོད་དོན་ཆེད་མཛད་འཕྲིན་རྒྱ་ཆེར་སྤེལ་བ་དེ་དུས་རབས་ ༡༨ དང་དུས་རབས་ ༡༩ ནང་བྲན་གཡོག་ལམ་ལུགས་མེད་བཟོ་མཁན་གྱི་འཐབ་རྩོད་པ་དང་གཅིག་མཚུངས་ཀྱི་བྱས་རྗེས་ཤིག་ཡིན་པའི་ངོས་འཛིན་ཐོག་སྤྲད་པ་ཞིག་ཡིན་འདུག

Reply to this article